ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་འཁྱེར་དགོས།

Leave a Comment

དོན་གྲུབ་ཅེས་པའི་ཕོ་གསར་ཞིག་གིས་ཁོ་རང་གི་གྲོགས་པོ་ཚོའི་སར། ང་སྒྲོལ་མ་ལ་དཔེ་དགའ་ཡི་འདུག གལ་སྲིད་ཁྱེད་རང་ཚོ་ངའི་ཁ་ཡོད་ལག་ཡོད་ཀྱི་གྲོགས་པོ་ཡིན་ན། ཁྱེད་ཚོས་ང་ལ་རོགས་པ་ཞིག་བྱེད་དགོས་ཀྱི་འདུག ཅེས་བཤད་པར། གྲོགས་པོ་ཚང་མས། ཡིན་དང་ཡིན། དགོས་དུས་ཕན་མ་ཐོགས་ན་ཆོ་ག་རེ་ཡོད་རེད། ཁྱེད་རང་ལ་དཀའ་ངལ་ག་རེ་ཡོད་ནའང་ང་ཚོར་ཤོད། ང་ཚོས་འཇོན་ཚོད་དཔགས་ཚོད་ཀྱིས་རོགས་པ་བྱེད་ཆོག ཅེས་བཤད་པར། ཁོ་དགའ་ཐག་ཆོད་དེ། ད་འོ་ན་དོ་དགོང་ང་ཚོ་སྒྲོལ་མའི་ཕ་མའི་སར་སྐད་ཆ་ཤོད་དུ་འགྲོ་དགོས་ཀྱི་འདུག ཁྱེད་ཚོས་སྐད་ཆ་གང་ཡག་ཡག་ཅིག་བཤད་དེ་ཕ་མ་གཉིས་ཀྱི་ཡིད་བཀུག་ཐུབ་པ་ཞིག་བཟོ་རོགས། ཞེེས་བཤད་དེ་ཁོང་ཚོ་ཚང་མ་སྒྲོལ་མའི་ཁང་པར་ཕྱིན། སྒྲོལ་མའི་ཕ་མ་གཉིས་ནས་ཁོང་ཚོར་སྣེ་ལེན་གང་གཟབ་ཞུས་པ་རེད། གྲོགས་པོ་ཚོས་དོན་གྲུབ་ཡག་པོ་ཡོད་རབས་དང་བུ་མོ་གཉེན་སྒྲིག་བྱེད་རན་པའི་སྐོར་སོགས་བཤད་དེ་ཕ་མ་གཉིས་ཀྱི་ཡིད་བཀུག་ཐུབ་གྲབས་ཡོད་པའི་སྐབས་དེར། ཕོ་གསར་ནམ་རྒྱུན་སྐད་ཆ་ཡག་པོ་ཤོད་མི་ཤེས་མཁན་ཞིག་ཡོད་པ་དེས་རང་ཉིད་ནས་བོད་པའི་གཏམ་དཔེ་ཞིག་ཤེས་ཀྱི་ཡོད་པ་དེ་དེ་རིང་བེད་སྤྱོད་མ་བཏང་ན་ག་དུས་བཏང་བསམས་ཏེ། དངོས་གནས་བྱས་ན་ཁྱེད་ཕ་མ་གཉིས་ཀྱིས་ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་འཁྱེར་དགོས། ཞེས་བཤད་པས། པ་ལགས་དེས། ངས་ཡུལ་ཆུ་བཏུངས་ནས་ཡུལ་ཁྲིམས་མ་འཁྱེར་བ་ག་རེ་བྱས་སོང་ངམ། ཞེས་ཕོ་གསར་ཚོའི་ཐོག་ལ་ངར་ཏེ་ཁོང་ཚོ་ཚང་མ་ཁང་པའི་ཕྱི་ལོགས་ལ་མ་ཐོན་ཀ་མེད་ཆགས།
Next PostNewer Post Previous PostOlder Post Home

0 comments:

Post a Comment